ཕྱི་ལོ་ ༢༠༢༢ སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ལོ་འཁོར་འདུ་འཛོམས།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡ ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ལོ་འཁོར་འདུ་འཛོམས་ཆེན་པོ་དེ་འཚོགས་ཡོད། དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༡༤།༠༠ སྟེང་མི་མང་རྣམས་ཚོགས་ཁང་དུ་འཛོམས་འགོ་ཚུགས། དེ་ནས་གདན་ཞུས་སྐུ་མགྲོན་རྣམ་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་འཁྲིའི་སྟེང་གདན་ཞུ་གྲུབ་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་རྣམ་གཉིས་ཀྱིས་མནྜལ་འདེགས་འབུལ་ཞུས་མཚམས།

དེང་སྐབས་བོད་ནང་ཏོག་དབྱིབས་ནད་རིམ་ཁྱབ་གདལ་འགྲོ་བཞིན་པའི་སྲིད་ངན་གྱིས་བོད་མདོ་དབུས་ཁམས་གསུམ་ནང་དམ་བསྒྲགས་ཤུགས་ཆེ་དང་བོད་མི་རྣམས་དཀའ་སྡུག་ཚད་མེད་མྱོང་བཞིན་པས། གཞིས་ལུས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་། ནད་རིམས་མྱུར་དུ་ཞི་བའི་ཆེད་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དབུ་བཞུགས་ཀྱིས་སྒྲོལ་མ་ཉེར་གཅིག་གི་བསྟོད་པ། སྤྱན་རས་གཟིགས་ཀྱི་མཚན་སྔགས། ཨོ་རྒྱན་འབྱུང་བཞིའི་གསོལ་འདེབས་བཅས་ཞལ་འདོན་འུར་འདོན་གནང་། ཞལ་འདོན་གསུང་མཚམས་སུ་གསོལ་ཇ་འབྲས་སིལ་འདེབས་འབུལ་ཞུས།

སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ལོ་འཁོར་འདུ་འཛོམས་སམ་དབྱར་སྐྱིད་ཆེན་མོ་དེ་ནི་ཏོག་དབྱིབས་ནད་ཡམས་ཀྱི་འགྲོ་བསྐྱོད་དང་། འདུ་འཛོམས་དམ་བསྒྲགས་བྱས་ནས་ལོ་གསུམ་གྱི་རྗེས་ཐེངས་དང་པོ་དེ་ཡིན། དེ་ཉིན་དམིགས་བསལ་གདན་ཞུས་པའི་སྐུ་མགྲོན་རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་པ་ཞལ་གྲངས་བདུན། སྤྱི་ཟུར་ཁག སུད་སི་བོད་རིགས་མི་མང་གི་སྐུ་ཚབ། མདོ་སྟོད་ཀྱི་ཚོགས་གཞོན། མདོ་སྨད་ཀྱི་ཚོགས་གཙོ་སོགས་གཞུང་འབྲེལ་མ་ཡིན་པའི་མཛད་གཙོ་ཁག་གི་གཙོས་བོད་རིགས་སྤུན་ཟླ་ཁྱོན་བསྡོམས་ ༤༥༠ ནས་ ༥༠༠ ཙམ་མཉམ་ཞུགས་གནང་འདུག ཚོགས་ཁང་ཁེངས་ནས་མི་མང་པོར་ཞབས་སྟེགས་མི་འདེང་པར་རྒྱུན་རིང་སྐུ་བཞེངས་བཞུགས་དགོས་བྱུང་འདུག

ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ལགས་ཀྱིས་ལོ་འཁོར་ལས་བསྡོམས་དང་བྱུང་སོང་རྩིས་ཁྲ་རོབ་ཙམ་དང་ཞིབ་ཁྲ་ཡིག་ཐོག་ཏུ་ཡོད་པ་མི་མང་ལ་སྙན་སེང་ཞུས། དེ་ནས་ཚོགས་གཙོ་མཆོག་གིས། ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་འཁོད་པའི་ཞལ་ཐང་རེ་རེ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ ཁྱབ་ཁོངས་ཚོགས་ཆུང་ ༢༥ ལ་ཕྱག་རྟགས་འབུལ་ལམ་ཞུས།

སུད་སི་དབུས་གཙང་ཟློས་སྒར་ཚོགས་པ་དང་། མདོ་སྟོད་ཀྱི་གཞས་པ། མདོ་སྨད་ཀྱི་གཞས་པ། དེ་ནས་རིམ་བཞིན་སུད་སི་སྟོད་པ་སྐྱིད་སྡུག སུད་སི་ཀོང་པོའི་རིག་གཞུང་སྐྱིད་སྡུག སུད་སི་གཙང་པ་མཐུན་གྲོགས་བཅས་ཀྱིས་ གཞས་སྣ་འདྲ་མིན་གཟིགས་འབུལ་གནང་བས། གཟིགས་མོ་བ་ཚང་མས་དགའ་ཚོར་དང་། ཐུགས་སྤྲོ་པོ་བྱུང་བའི་རྣམ་འགྱུར་ཤུགས་ཆེ་སྟོན་གནང་།

དེ་ཉིན་གྱི་མཛད་རིམ་ཡོངས་སུ་དགའ་པོའི་སྒོ་ནས་མཇུག་བསྒྲིལ་མཐར། མཚན་ཐོག་ཆུ་ཚོད་ ༢༢།༠༠ ནས་ ༢༣།༣༠ བར་ཕ་མ་བུ་ཕྲུག་རྒན་གཞོན་དར་གསུམ་ཚང་མ་མཉམ་ཞུགས་ཀྱིས་སྒོར་གཞས་འཁྲབ་སོང་།

ཕྱིར་ལོག