ཕྱི་ལོ་ ༢༠༢༣།༠༩།༢༣་ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ལོ་འཁོར་དབྱར་སྐྱིད་འདུ་འཛོམས།
ཕྱི་ལོ་ ༢༠༢༣ ཟླ་ ༠༩ ཚེས་ ༢༣ ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ལོ་འཁོར་འདུ་འཛོམས་ཆེན་པོ་དེ་འཚོགས་ཡོད། དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༡༣།༣༠ སྟེང་མི་མང་རྣམས་ཚོགས་ཁང་དུ་འཛོམས་འགོ་ཚུགས། དེ་ནས་ཚོུད་ ༡༤།༠༠ ཐོག་གདན་ཞུས་སྐུ་མགྲོན་རྣམ་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་འཁྲིའི་སྟེང་གདན་ཞུ་གྲུབ་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་རྣམ་གཉིས་ཀྱིས་མནྜལ་འདེགས་འབུལ་ཞུས་མཚམས་རྗེས་ལ་ས་གནས་དབུས་གཙང་ཆོལ་ཁའི་ཟློས་གར་སྣེ་ཕྲིད་པའི་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་རྒྱལ་བཅད་དབའ་བོ་རྣམས་ཀྱི་ཆེད་མྱ་ངན་གུ་དུས་སྐར་མ་གཅིག་གནང་།
དེང་བོད་མདོ་དབུས་ཁམས་གསུམ་ནང་དམ་བསྒྲགས་ཤུགས་ཆེ་དང་བོད་མི་རྣམས་དཀའ་སྡུག་ཚད་མེད་མྱོང་བཞིན་པས། གཞིས་ལུས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཆེད། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དབུ་བཞུགས་ཀྱིས་སྒྲོལ་མ་ཉེར་གཅིག་གི་བསྟོད་པ། སྤྱན་རས་གཟིགས་ཀྱི་མཚན་སྔགས། ༧རྒྱལ་བའི་ཞལ་འདོན་འུར་འདོན་གནང་། ཞལ་འདོན་གསུང་མཚམས་སུ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ལོ་འཁོར་འདུ་འཛོམས་སམ་དབྱར་སྐྱིད་ཆེན་མོ་དེ་ཉིན་དམིགས་བསལ་གདན་ཞུས་པའི་སྐུ་མགྲོན་རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་། སྤྱི་ཟུར་དང་དམིགས་གསལ་རྒྱ་གར་ནས་ཕེབས་པའིསྐབས་ ༡༢ དང་ ༡༣ དབུས་གཙང་ཆོལ་ཁའི་སྤྱི་ཟུར་ངག་དབང་བསྟན་པ་ལགས་། སུད་སི་བོད་རིགས་མི་མང་གི་ཚོགས་གཙོ། མདོ་སྨད་ཀྱི་ཚོགས་གཙོ་། བུད་མེད་ཚོགས་པའི་ཚོགས་གཞོན་། ས་གནས་སྐྱིད་སྡུག་ཁག་ཀྱི་ཚོགས་གཙོ་དང་ས་གནས་ཆོལ་ཁའི་ཚོགས་ཟུར་སོགས་གཞུང་འབྲེལ་མ་ཡིན་པའི་མཛད་གཙོ་ཁག་གི་གཙོས་བོད་རིགས་སྤུན་ཟླ་ཁྱོན་བསྡོམས་ ༣༠༠ ནས་ ༣༥༠ ཙམ་མཉམ་ནས་ཞུགས་གནང་།
ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ལགས་ཀྱིས་ས་གནས་དབུས་གཙང་ཆོལ་ཁ་སྐབས་ ༡༡ པའི་ལས་དོན་འགན་ཁུར་དབུ་འཛུགས་ཕྱི་ལོ་ ༢༠༢༡ ཟླ་ ༠༣ ་ནས་ད་བར་ཀྱི་ལོ་འཁོར་ལས་བསྡོམས་དང་ཕྱི་ལོ་ ༢༠༢༣ ཟླ་ ༠༧ ཚེས་ ༢༧ ནས་ ༣༠ བར་ལ་དྭགས་ས་གནས་སུ་འགན་འཛིན་ལྷན་ཚོགས་ཐེངས་ ༡༦ པའི་གྲོས་ཆོད་གང་བྱུང་བ་རྣམས་མི་མང་རྣམས་ལ་གསལ་བཤད་གནང་། དེ་ནས་ཚོགས་གཙོ་མཆོག་གིས། ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཐོག་ས་གནས་ཆོལ་ཁའི་ངོས་ནས་འགན་འཁུར་ཆེ་བཞེས་ཞུས་དང་ཞུས་བཞིན་ཡོད་བཅས་གསུངས།
སུད་སི་དབུས་གཙང་ཟློས་གར་ཚོགས་པ་དང་། མདོ་སྨད་ཀྱི་གཞས་པ། དེ་ནས་རིམ་བཞིན་སུད་སི་སྟོད་པ་སྐྱིད་སྡུག ། སུད་སི་ཕེན་པོ་སྐྱིད་སྡུག སུད་སི་གཙང་པ་མཐུན་གྲོགས་། སུད་སི་མན་ཕྲོ་གོང་ཀར་སྐྱིད་སྡུག། གཞག་ཡང་ཆོལ་ཁའི་མི་མང་ངོས་ནས་གཞས་སྣ་འདྲ་མིན་གཟིགས་འབུལ་གནང་བ་བཅས་ལ། གཟིགས་མོ་བ་ཡོངས་ནས་དགའ་ཚོར་དང་ཐུགས་སྤྲོ་པོ་བྱུང་བའི་རྣམ་འགྱུར་ཤུགས་ཆེ་སྟོན་གནང་།
དེ་ཉིན་གྱི་མཛད་རིམ་ཡོངས་སུ་རྫོགས་པ་དགའ་པོའི་སྒོ་ནས་མཇུག་བསྒྲིལ་མཐར། དགོང་དྲོ་ཆུ་ཚོད་ ༢༢།༠༠ ནས་ ༢༣།༣༠ བར་ཕ་མ་བུ་ཕྲུག་རྒན་གཞོན་དར་གསུམ་ཚང་མ་མཉམ་ཞུགས་ཀྱིས་སྒོར་གཞས་འཁྲབ་སྟེ་འདུ་འཛོམས་བཀྲིས་ངང་གྲོལ།།