རི་ཀོན་ཆོས་འཁོར་དགོན་དུ་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁས་ལོ་འཁོར་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས།

ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༥ རེས་གཟའ་སྤེན་པའི་ཞོགས་པ་ཆུ་ཚོད་ ༩། ༣༠ སྟེང་རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་ཐུབ་བསྟན་ལེགས་སྨོན་མཆོག་གིས་དབུས་པའི་དགེ་ འདུན་པ་ཞལ་གྲངས་བདུན་དང་། གདན་ཞུའི་སྐུ་མགྲོན་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སྤྱི་ཟུར་རྣམ་པ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྐུ་ཚབ། ས་གནས་མདོ་སྟོད་ཚོགས་པའི་ཚོགས་གཙོ། ས་གནས་མདོ་སྨད་ཚོགས་གཙོ། ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ། ས་གནས་གཞོན་ནུའི་ཚོགས་གཞོན། གཞན་ཡང་བོད་རིགས་མི་མང་བཅུ་ཕྲག་བདུན་ཙམ་ཞིག་འདུ་འཛོམས་བྱུང་། མཆོད་འབུལ་སྨོན་ལམ་དབུ་འཛུགས་མ་གནང་གོང་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་སྔ་དྲོའི་འཚམས་ཞུས་དང་སྦྲགས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་དམིགས་སྐོར་གསུངས་དོན། “སུད་སི་དབུས་གཞུང་གི་ཏོག་དབྱིབས་གཉན་རིམས་ཀྱི་ལམ་སྟོན་སྒྲིག་ཁྲིམས་དང་། ཟུར་དུ་དགོན་པའི་ཏོག་དབྱིབས་གཉན་རིམས་ཀྱི་ལམ་སྟོན་སོགས་ལ་གཞིར་བཞག་ཐོག་མི་གྲངས་བརྒྱ་སྐོར་ཞིག་ལས་འདུ་འཛོམས་ཀྱི་ཆོག་མཆན་མེད་ནའང་། དངོས་སུ་མི་གྲངས་བདུན་ཅུ་ཙམ་ཞིག་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་ཐུབ་པ་ནི་བསྐལ་བ་བཟང་། ས་གནས་དབུས་གཙང་ཆོལ་ཁའི་ངོས་ནས་ལོ་ལྟར་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་བའི་ལམ་སྲོལ་བཟང་པོ་ཞིག་ཡོད་པ་ལྟར། ད་རེས་རང་ཅག་ཁ་བ་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་གེགས་དང་བར་ཆད་ཀྱི་རྐྱེན་ཕྲ་མོ་ཙམ་ཡང་མི་བྱུང་བར་སྐུ་ཚེ་བསྐལ་བརྒྱར་བཞུགས་པ། རླབས་ཆེན་གྱི་ཐུགས་བཞེད་དགོངས་དོན་མཐའ་དག་ལྷུན་གྱིས་འགྲུབ་པ། དེ་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་དོན་བློས་གཏོང་གནང་བའི་གཞིས་བྱེས་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་རྣམས་དང་། འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་འཇིགས་སྐྲག་དང་། ནད་ཡམས་དེ་མྱུར་དུ་ཞི་བ་སོགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འདི་གོ་སྒྲིག་ཞུས་པ་ཡིན་ཞེས་ གསུངས། ’’དེ་ནས་དགོན་པའི་ཆོས་མཛད་ལགས་ཀྱིས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཆོ་ག་ སྔོན་དུ་བཏང་ཏེ་མཆོད་འབུལ་དབུ་འཛུགས་གནང་། དེ་ནས་རིམ་བཞིན་འཕགས་པ་བཟང་སྤྱོད། འཕགས་པ་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་ཕན་བདེའི་ཆར་འབེབས། ཡིག་དྲུའི་གཟུངས་སྔགས། གུ་རུའི་གཟུངས་སྔགས། འཕགས་མ་སྒྲོལ་མའི་ཡི་གེ་བཅུ་མའི་གཟུངས་སྔགས། སངས་རྒྱས་སྨན་བླའི་མཚན་སྔགས་བཅས་སྟོང་ཚར་གཅིག་དང་། རྒྱལ་བའི་ཞབས་རིམས་སོགས་གསོག་སྒྲུབ་གནང་། གསོལ་ཇའི་བར་སེང་སྐབས་རི་ཀོན་མཁན་རིན་པོ་ཆེ་མཆོག་གིས་མཆོད་འབུལ་སྨོན་ལམ་དང་ འབྲེལ་བའི་བཀའ་སློབ་བཀའ་དྲིན་ཆེ་གནང་བསྩལ་བ་དང་། ཆུ་ཚོད་ ༡༢། ༠༠ ཙམ་ལ་མཆོད་འབུལ་སྨོན་ལམ་མཇུག་བསྡུས་པ་དང་། དགེ་འདུན་པ་དང་ཚོགས་བཅར་བ་ཡོངས་ལ་ཉིན་མོའི་དགུང་ཚིགས་འདེགས་འབུལ་ཞུས་པ་བཅས།

ཕྱིར་ལོག