བོད་ནང་ས་ཡོམ་གྱི་གོད་ཆགས་ཤུགས་ཆེན་བྱུང་བར་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་སྣེ་འཁྲིད་འོག་ཚོགས་པ་སྐྱིད་སྡུག་ཁག་ལྔ་ནས་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་བ།

༄༅། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་གྱི་ཞོགས་པ་བོད་ནང་ཆུ་ཚོད་དགུ་པ་གཡས་གཡོན་ཞིག་ལ་བོད་གཙང་སྟོད་ཁུལ་ཏེ་དིང་རི་རྫོང། ལྷ་རྩེ་རྫོང། ངམ་རིང་རྫོང། ས་སྐྱ་རྫོང། གཏིང་སྐྱེས་རྫོང། བཅས་སུ་འཇིགས་སུ་རུང་བའི་རང་བྱུང་ས་གཡོའི་གོད་ཆགས་ཀྱི་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། དམིགས་གསལ་དིང་རི་རྫོང་གི་ས་ཁུལ་འགའ་ཞིག་ལ་བློ་ཡུལ་དུ་ཤོང་དཀའ་བའི་ཡིད་སྐྱོའི་གནས་སྟངས་འོག་མིའི་ཚེ་སྲོག་དུ་མ་ཤོར་བ་དང་རྨས་སྐྱོན་ཕོག་པ། སྒོ་ཕྱུགས་སེམས་ཅན་ཤི་བ། ཁང་ཁྱིམ་སྡོད་ཁང་དང་རྒྱུ་དངོས་ལ་གནོད་སྐྱོན་ཚབས་ཆེན་ཕོག་པར་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁ་དང་དེའི་ཁྱབ་ཁོངས་སྐྱིད་སྡུག་ཁག་ཏེ། སུད་སི་སྟོད་པ་སྐྱིད་སྡུག སུད་སི་གནས་སྡོད་གཙང་པ་མཐུན་གྲོགས། སུད་སི་ཀོང་པོའི་རིག་གཞུང་སྐྱིད་སྡུག སུད་སི་མལ་གྲོ་གུང་དཀར་སྐྱིད་སྡུག སུད་སི་འཕན་པོ་སྐྱིད་སྡུག བཅས་ནས་མཉམ་རུབ་ཀྱིས་གོ་སྒྲིག་འོག་ས་གནས་རི་ཀོན་ཆོས་འཁོར་དགོན་དུ་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༢ ཉིན་ཆུ་ཚོད་ ༡༣།༣༠ ནས་ ༡༧།༠༠ བར་གདུང་སེམས་མཉམ་བསྐྱེའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་ཡོད།

སྐབས་དེར་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་བསྟན་འཛིན་བྱང་ཆུབ་མཆོག་དབུས་ བླ་སྤྲུལ་དགེ་འདུན་རྣམས་པ་དང་།  སྤྱི་ཟུར་རྣམས་པ། ས་གནས་བོད་རིགས་མི་མང་གི་ཚོགས་གཞོན་མཆོག ཚོགས་སྐྱིད་ཁག་གི་མཛད་གཙོ་རྣམས་པ་བཅས་ཁྱོན་མི་མང་ ༢༥༠ ལྷག་ནས་ལྷན་འཛོམས་ཀྱིས་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་དལ་རྟེན་བཟང་པོ་འཐོབ་སླད་བསྔོ་སྨོན་དང་རྨས་སྐྱོན་ཕོག་པའི་ནད་མནར་རྣམས་མྱུར་དུ་དྲག་བསྐྱེད་ཡོང་བ། བཤུལ་ལུས་རྣམས་ལ་ཐུགས་གསོ་མཚོན་ཕྱིར་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་།

ཕྱིར་ལོག