ཕྱི་ལོ་ ༢༠༢༦ ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན།

ཕྱི་ལོ་  ༢༠༢༦ ཟླ་ ༥ ཚེས་ ༢ ཉིན་རྒྱབ་ཆུ་ཚོད་ ༡༣།༣༠ ཐོག་རི་ཀོན་ཚོགས་ཆུང་གི་སྤྱི་ཁང་ནང་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་སྐབས་བཅུ་གཉིས་པའི་ལོ་དུས་གཉིས་པའི་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་ཞུས།

དེ་ཉིན་ཚོགས་བཅར་བ་ཁྱོན་བསྡོམས་ ༣༥ དབུ་བཞུགས་ཐོག་ཐོག་མར་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་ཕི་ར་བ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་དབུ་འཁྲིད་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་ཀྱི་རྩ་དོན་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་བ་དཔའ་བོ་དཔའ་མོའི་ཆེད་མྱ་ངན་གུས་འདུད་ཀྱི་ངག་བཅད་གནང་། དེ་ནས་ཚོགས་གཙོས་མུ་མཐུད་ནས་ལོ་འཁོར་གཅིག་གི་ལས་བསྡོམས་འགྲེལ་བཤད་གནང་། དེའི་མཚམས་སུ་རྩིས་པ་འཇམ་དབྱངས་ལགས་ཀྱིས་ལོ་འཁོར་རྩིས་ཁྲ་རེའུ་མིག་དང་བཅས་པ་རེ་རེ་བཞིན་གསལ་བཤད། དེའི་རྗེས་རྩིས་ཞིབ་པ་བདེ་ཤར་རྒྱ་མཚོ་ལགས་ཀྱིས་རྩིས་ཁྲ་གཙང་གསལ་བྱུང་འདུག་གསུངས་པ་སྦྲགས། རྩིས་ཞིབ་པས་སྙན་ཐོ་སྒྲོགས་སྦྱང་གནང་། དེ་ནས་མུ་མཐུད་ས་གནས་མང་ཚོགས་ནས་ལས་བསྡོམས་དང་རྩིས་ཁྲའི་ཐད་འདྲི་བ་གནང་མཁན་བྱུང་བར་རྒྱུན་ལས་ཀྱིས་དྲིས་ལན་གསལ་བཤད་གནང་།

གསོལ་ཇའི་བར་སེང་རྗེས་བརྗོད་གཞི་གཉིས་པ། ས་གནས་དབུས་གཙང་ཆོལ་ཁའི་སྒྲིག་གཞིར་བསྐྱར་བཅོས་གཏོང་དགོས་ངེས་ཀྱི་དོན་ཚན་ཁག་མང་དག་ཅིག་ཡོད་པ། དེ་སྔོན་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གིས་ཚིག་སྦྱོར་གསར་པ་གཏན་བེབས་ཟིན་པ་རྣམས་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་སྒྲིག་གཞི་ལེའུ་བཅུ་པ། དོན་ཚན་བཅུ་བདུན་པའི་དགོངས་དོན་ལྟར་  ‘‘ སྒྲིག་གཞི་བསྐྱར་བཅོས་དགོས་ངེས་བྱུང་ཚེ་ཚོགས་ཞུགས་མི་མང་གསུམ་ཆ་གཉིས་ནས་མོས་མཐུན་བྱུང་ན་བསྐྱར་བཅོས་ཆོག་པ་ཡིན། ” གསལ་བ་ལྟར། ཚོགས་ཞུགས་མི་མང་ཁྱོན་བསྡོམས་གྲངས་ ༢༩ ཡོད་པ་ཚང་མའི་སྤྱི་མོས་ཀྱིས་དོན་ཚན་ཆ་ཚང་ལ་ཚད་ཐོའི་རྒྱབ་སྐྱོར་ཐོབ། ཚོགས་ཞུགས་ངོ་ཡོད་ཀྱི་མཚན་ཐོ་ཚིག་ཐོ་མཉམ་དུ་ཕུལ།

བརྗོད་གཞི་གསུམ་པ་མུ་མཐུད་པའི་ནང་ཕྱི་ལོ་  ༢༠༢༦ ཟླ་ ༣ ཚེས་ ༢༥ ཉིན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་སྤྱི་ཁྱབ་ལས་ཁང་ནས་གོ་སྒྲིག་ཞུས་པ་ལྟར། དབུས་གཙང་གཞིས་བྱེས་གཉིས་ཀྱི་ངོ་བོའི་ཐོག་༸སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ བཞེས་པའི་གོ་སྟོན་གྱི་བརྟན་བཞུགས་དང་། བཀའ་དྲིན་རྗེས་སུ་དྲན་པའི་གཟེངས་བསྟོད་འབུལ་རྒྱུའི་གོ་སྐབས་ནི་སྤྱི་སྒེར་ཐུན་མོང་གི་བསོད་ནམས་ལས་གྲུབ་པའི་ཤིན་ཏུ་རྙེད་དཀའ་བའི་གོ་སྐལ་བཟང་པོ་ཞིག་བྱུང་ཡོད་ན། བརྟན་བཞུགས་འདེགས་འབུལ་སྐབས་ས་གནས་ཁག་གི་ཚོགས་གཙོ་དང་། ཚོགས་མི་བཅས་གྲངས་ ༢༠ ལྷག་ཙམ་མཉམ་ཞུགས་གནང་ཐུབ་ཡོད་པ་དང་། བརྟན་བཞུགས་ལ་དམིགས་པའི་ཞལ་འདེབས་ཇི་བྱུང་དང་། སྤྱི་ཡོངས་ཀྱི་ལས་རིམ་ཇི་འདྲ་བྱུང་མིན་སྐོར་ཚོགས་གཙོས་གསལ་བཤད་གནང་།

བཞུགས་སྒར་ྋརྒྱལ་བའི་ཕོ་བྲང་དུ་༸སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཟིན་པ་དང་ཆབས་ཅིག། སྟབས་ཅིག་དོན་གཉིས་ལྟར་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་འགན་འཛིན་ལྷན་འཛོམས་ཐེངས་བཅུ་བདུན་པ་ཕྱི་ལོ་  ༢༠༢༦ ཟླ་ ༣ ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་ཚོགས་གཏན་འཁེལ་བ་ལྟར་། འགན་འཛིན་ལྷན་ཚོགས་སྐབས་ཀྱི་གྲོས་གཞི་གྲོས་ཆོད་གང་བྱུང་བ་རྣམས་ཚོགས་གཙོས་ཡིག་ངག་གཉིས་ཐོག་འགྲེལ་བཤད་དང་། དོན་ཚན་གལ་ཆེ་ཁག་ཅིག་ལ་གསལ་བཤད་ཡང་གནང་། ལྷན་འཛོམས་སྐབས་སུ་གལ་ཆེ་བའི་ཐག་ཆོད་གཉིས་བྱུང་བ་ལས།

དང་པོ། དབུས་གཙང་དབུས་ནས་ལམ་སྟོན་ལྟར། ས་གནས་སོ་སོའི་གནས་འབབ་ལ་གཞིགས་པས་དཔལ་འབྱོར་འདུ་འགོད་ཀྱི་ལས་འཆར་དང་། མ་མཐར་སྤྱི་པའི་ཅ་དངོས་འཇོག་ས་དང་མང་ཚོགས་ཀྱི་བདེ་སྡུག་ཞུ་ས། རྒྱུན་དུ་ལས་དོན་སྒྲུབ་སའི་ཡིག་ཚང་ཞིག་ངེས་པར་འཛུགས་བསྐྲུན་དང་ཐབས་ཤེས་དགོས་གལ་ཆེ་བར་སོང་། ད་རེས་ས་གནས་ཨོ་གཞིས་ Orissa དབུས་གཙང་ཆོལ་ཁར་ཡིག་ཚང་སོགས་ཀྱི་མཐུན་རྐྱེན་ཞེན་པའི་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁས་སུད་སྒོར་ ༡༥༠༠།༠༠ ཐམ་པ་ཞལ་འདེབས་འབུལ་རྒྱུའི་ཚོགས་བཅར་བས་སྤྱི་མོས་ཐག་གཅོད་གནང་།

གཉིས་པ། ཡོང་རྒྱུའི་ Albanifest དུས་སྟོན་སྐབས་ཞལ་མོག་ཚོང་གཉེར་གྱི་ཆེད་དུ་གུར་ཁང་གསར་པ་ཞིག་ཉོ་བའི་བཀའ་འཁྲོལ་ཐོབ་པ་བཅས། མཇུག་ཏུ་ས་གནས་ཚོགས་གཙོའི་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་ནང་གལ་ཆེ་ཤོས་ནི། ཚོགས་མི་རྣམས་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུས་པ་དང་།
མ་འོངས་ལས་འཆར་གསལ་བསྒྲགས་དང་བཅས་ཉིན་རྒྱབ་ཆུ་ཚོད་ ༡༧།༣༠ ཐོག་ཚོགས་འདུ་ལེགས་པོས་ངང་མཇུག་བསྒྲིལ།

ཕྱིར་ལོག