དཔལ་འབྱོར་འཚོལ་སྒྲུབ།

སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་མ་དངུལ་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་ས་གནས་ཆོལ་ཁུངས་མི་མང་ནས་ཞལ་འདེབས་གནང་བའི་ཚོགས་དངུལ་དང།   འདུ་འཛོམས་ཆེ་སར་འཐུང་ཇ་དང་ཟས་རིགས་འདྲ་མིན་བཙོངས་བའི་ཁེ་བབ་ལས་བྱུང་བ་ཞིག་ཡིན། ལོ་ལྟར་མཆོད་འབུལ་སྨོན་ལམ་དང་མི་མང་ཚོགས་འདུ་གོ་སྒྲིག ཚོགས་པའི་ལས་དོན་རྒྱ་སྐྱེད་གཏོང་རྒྱུ། ཚོགས་པར་མཁོ་བའི་ཡོ་བྱད་ཉོ་སྒྲུབ། དབུས་སྤྱི་ཁྱབ་ལས་ཁང་ལ་ཚོགས་དངུལ་དང་དབུས་ཀྱི་ལས་དོན་ཁག་ལ་མཐུན་འགྱུར་རམ་འདེགས་ཞུ་རྒྱུ་སོགས་འགྲོ་གྲོན་གཏོང་བའི་དཔལ་འབྱོར་གྱི་མ་དངུལ་དགོས་ཀྱི་ཡོད་སྟབས། སྐབས་བཅུ་པའི་རྒྱུན་ལས་མཐུན་མོང་གིས་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་མི་མང་གི་ཚོགས་དངུལ་ཞལ་འདེབས་གཅིག་པོར་བརྟེན་མི་དགོས་པར་ཐབས་ལམ་གཞན་ཐོག་མ་དངུལ་འཚོལ་སྒྲུབ་བྱ་རྒྱུའི་ཐག་གཅོད་བྱུང་བ་ལྟར།  ཕྱི་ལོ་ ༢༠༡༩ ནས་བོད་རིགས་མི་མང་འདུ་འཛོམས་སྐབས་ཤོག་ཤོའི་རྒྱན་ཤོག་འཚོང་རྒྱུ་དང་། ལོ་ལྟར་ཆག་མེད་ཕྱི་ཟླ་དྲུག་པའི་ཟླ་མཇུག་ནང་ཉིན་གསུམ་གྱི་རིང་སུད་སི་གྲོང་ཁྱེར་ (Winterthur Albanifest) ལྦིན་ཊར་ཐུར་རུ་མི་རིགས་སོ་སོའི་རིག་གཞུང་འཁྲབ་སྟོན་དང་། ཟས་རིགས་འདྲ་མིན་འཚོང་བའི་སྤྲོ་སྐྱིད་ཀྱི་ཉིན་མོར་རྒྱུན་ལས་རྣམ་པ་དང་དངས་བླང་བ་བཅས་ནས་ལྷག་བསམ་ཟོལ་མེད་ཀྱིས་བོད་ཟས་ཤ་ཡོད་དང་། ཚལ་མོག་མོག འཐུང་ཆུ་འདྲ་མིན་འཚོང་འགོ་བརྩམས་ནས་ཚོགས་པའི་དཔལ་འབྱོར་གསོག་འཇོག་བྱེད་བཞིན་ཡོད།

ཕྱིར་ལོག