༄༅། །སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་གཞི།
- ༡༽ སྒྲིག་གཞིའི་མིང་དང་། གནས་ཡུལ།
- ༢༽ སྒྲིག་གཞིའི་ཁྱབ་ཚད།
- ༣༽ སྒྲིག་འཛུགས་ཀྱི་ངོ་བོ།
- ༤༽ དམིགས་ཡུལ།
- ༥༽ རྒྱུན་ལས་དང་ཚོགས་གཙོ་ཚོགས་གཞོན་འོས་འདེམས།
- ༦༽ རྒྱུན་ལས་ཀྱི་གྲངས་ཚད་དང་དུས་ཡུན།
- ༧༽ ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་རྣམ་པའི་ལས་འགན།
- ༨༽ ཚོགས་གཙོའི་ཐོབ་ཐང་།
- ༩༽ རྒྱུན་ལས་རྣམ་པའི་ཐོབ་ཐང་།
- ༡༠༽ ཆོལ་ཁོངས་མི་མང་གི་ཐོབ་ཐང་།
- ༡༡༽ ཆོལ་ཁོངས་མི་མང་གི་ལས་འགན།
- ༡༢༽ ཆོལ་ཁའི་དཔལ་འབྱོར་ཡོང་ཁུངས།
- ༡༣༽ ཚོགས་པའི་བྱེད་སྒོ་རྣམ་གཞག
- ༡༤༽ ས་གནས་རྒྱུན་ལས་ཀྱི་འོས་བསྡུ་ཚོགས་ཆུང་།
- ༡༥༽ འོས་བསྡུ་ཚོགས་ཆུང་འདེམས་ལུགས།
- ༡༦༽ སྐད་ཡིག་ཚད་འཛིན།
- ༡༧༽ སྒྲིག་གཞི་བསྐྱར་བཅོས།
- ༡༨༽ མ་འོངས་དགོས་དབང་།
ལེའུ་དང་པོ། སྒྲིག་འཛུགས་ཀྱི་མིང་དང་། ཁྱབ་ཚད།
དོན་ཚན་དང་པོ། སྒྲིག་འཛུགས་ཀྱི་མིང་དང་། གནས་ཡུལ།
སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། གནས་ཡུལ་སུད་སི་གྲོང་ཁྱེར་ཝིན་ཊར་ཐུར།
སྒྲིག་གཞི་འདི་བཞིན་སུད་སི་ཁྲིམས་ཡིག་དོན་ཚན་ (60 ZGB) དགོངས་དོན་གཞིར་བཟུང་བཀོད་སྒྲིག་ཞུས་པ་ཡིན།
དོན་ཚན་གཉིས་པ། ཁྱབ་ཚད།
སྒྲིག་གཞི་འདི་སུད་སི་དང་། ལིག་ཏེན་སིཊཡན་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཚོགས་ཁུངས་མི་མང་ཡོངས་ལ་ཁྱབ་པ་ཡིན།
དོན་ཚན་གསུམ་པ། སྒྲིག་འཛུགས་ཀྱི་ངོ་བོ།
གཞིས་བྱེས་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་། འཚེ་མེད་ཞི་བའི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཡོངས་ལ་དངོས་ཤུགས་བརྒྱུད་གསུམ་ནས་མཉམ་ཞུགས་དང་རྒྱབ་སྐྱོར་ཞུ་རྒྱུ། ཆོས་ལུགས་ཀྱི་གྲུབ་མཐའ་འདྲ་མིན་དང་ལུང་ཚན་ཕན་ཚུན། ཚོགས་པ་ནང་ཁུལ་ཕྱོགས་རེས་འཐེན་འཁྱེར་གྱི་རྣམ་པ་ཙམ་ཡང་མེད་པའི་ཆིག་སྒྲིལ་ཆེན་པོ་ལྕགས་ཀྱི་གོང་བུ་ལྟར་སྲ་ཞིང་བརྟན་པའི་སྙིང་སྟོབས་ཀྱི་སྒོ་ནས་ཆོལ་གསུམ་བོད་རིགས་ས་ཡ་དྲུག་གི་ཕན་བདེའི་སྲོག་རྩ་བོད་རང་དབང་སླར་གསོའི་ཆེད་དུ་དམིགས་ཡུལ་དང་བྱ་སྤྱོད། གོམས་སྟབས་གཅིག་འགྱུར་སོགས་དགྲ་གཉེན་མགོན་གསུམ་མ་ནོར་བ་ཞུ་རྒྱུ།
དོན་ཚན་བཞི་པ། དམིགས་ཡུལ།
- ༡༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ལས་རྩ་འགངས་ཆེ་བ་མེད་སྟབས། སྐུ་ཡི་གསང་གསུམ་ལ་ཕ་རོལ་མི་དང་མི་མ་ཡིན་གྱིས་བསམ་སྦྱོར་ངན་གཤོམས་ཅི་མཆིས་རྨེག་མེད་དུ་ཞི་ནས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་སྐུ་ཕྱྭའི་ཞབས་རིམ་སྨིན་སྒྲུབ་ཞུ་རྒྱུ།
- ༢༽ བསྟན་སྲིད་མི་རིགས་ལར་རྒྱའི་དོན་དུ་གཅེས་པའི་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་གཉིས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་ཞུ་རྒྱུ།
- ༣༽ ཆོལ་ཁོངས་མི་མང་རྣམས་ཕན་ཚུན་གཞོགས་འདེགས་གཅིག་ཕན་གཅིག་གྲོགས་ཀྱི་རྨང་གཞིའི་འོག་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་ཐབས་ལ་མུ་མཐུད་འབད་བརྩོན་ཞུ་རྒྱུ།
- ༤༽ དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་དང་། གནས་ཡུལ་ས་གནས་ཚོགས་པ་སྐྱིད་སྡུག་ཁག མི་མང་དབར་འབྲེལ་ལམ་དམ་གཟབ། ཆོལ་ཁུངས་སོ་སོའི་འོས་འགན་སླད་མི་མང་ལ་ལམ་སྟོན་སོགས་ཞུས་ཏེ་ཡར་རྒྱས་གཏོང་ཐབས། དེ་བཞིན་དབུས་ཀྱི་སྒྲིག་གཞིའི་དགོངས་དོན་འོག་ཤར་བསྐྱོད་དང་ས་གནས་ཀྱི་གནས་བབ་ལ་གཞིགས་པའི་ལག་བསྟར་ཞུ་རྒྱུ།
- ༥༽ ཆོལ་ཁ་གསུམ་ཕན་ཚུན་གཞོགས་འདེགས་གོང་བུ་གཅིག་ཏུ་བསྒྲིལ་ནས་རྒྱ་ནག་གཞུང་གི་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་དཔང་རྟགས་མཁོ་སྒྲུབ་ཀྱིས་རྒྱལ་ཚོགས་ལ་ཞུ་སྦྱོར་སྙན་ཞུ་འབུལ་རྒྱུ་དང་། མཉམ་སྦྲེལ་ལས་འགུལ་སྤེལ་རྒྱུ་སོགས་དྲང་བདེན་འཐབ་རྩོད་མུ་མཐུད་བྱ་རྒྱུ། ཆོལ་ཁོངས་མི་མང་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གྱི་བྱ་སྤྱོད་དང་འཆལ་གཏམ་ངན་པའི་རིགས་འགོག་ཐབས་ཀྱི་གདོང་ལེན་བྱ་རྒྱུ།
ལེའུ་གཉིས་པ། རྒྱུན་ལས་འོས་འདེམས་བྱ་ཕྱོགས་དང་། འགན་དབང་།
དོན་ཚན་ལྔ་པ། རྒྱུན་ལས་འོས་འདེམས་དང་། འགན་དབང་།
- ཀ༽ ཆོལ་ཁོངས་རང་རིགས་སྐྱ་སེར་ཕོ་མོ་རང་ལོ་བཅོ་བརྒྱད་ཧྲིལ་པོ་ལོན་པ་ཚང་མར་འོས་བསྡུའི་ཐོབ་ཐང་དང་འབྲེལ་རྒྱུན་ལས་ཀྱི་འོས་གཞིར་ཞུགས་མཁན་ཡིན་ཚེ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ཆད་ལུས་མེད་པ་འབུལ་མཁན་ཞིག་དང་། སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ལོ་དུས་དེའི་ལོ་གཅིག་གི་སྲི་ཞུའི་ཞལ་འདེབས་ཕུལ་ཟིན་པ་ཡིན་ན་ཞུགས་ཆོག་པའི་ཐོབ་ཐང་ཡོད།
- ཁ༽ རྒྱུན་ལས་རྣམས་ཆོལ་ཁོངས་མི་མང་ནས་འོས་འདེམས་དགོས་རྒྱུ།
- ག༽ འོས་འདེམས་ཟིན་པའི་རྒྱུན་ལས་རྣམས་ཀྱིས་མང་མོས་འོས་འདེམས་ཐོག་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཞུ་རྒྱུ།
- ང༽ ཆོལ་ཁའི་ལས་དོན་ཚགས་ཚུད་འཐུས་ཚང་ཡོང་སླད་འོས་འདེམས་ཟིན་པའི་རྒྱུན་ལས་རྣམས་ནས་མི་མང་ལ་གསལ་བཤད་དང་འབྲེལ་རྒྱུན་ལས་ཁ་སྐོང་དགོས་ཚེ་སྒུག་ཐོའི་འོས་གྲངས་མཐོ་རིམ་བཞིན་བསྐོ་གཞག་ཆོག་རྒྱུ།
ལེའུ་གསུམ་པ། རྒྱུན་ལས་དང་། དུས་ཡུན།
དོན་ཚན་དྲུག་པ། རྒྱུན་ལས་ཀྱི་གྲངས་ཚད་དང་དུས་ཡུན།
རྒྱུན་ལས་ཉུང་ཐར་དགུ་ནས་བཅོ་ལྔ་བར་དགོས། རྒྱུན་ལས་ཀྱི་ལས་གནས་རྣམས་ནི། ཚོགས་གཙོ་གཅིག ཚོགས་གཞོན་གཅིག བོད་དྲུང་གཅིག འཇར་དྲུང་གཅིག དངུལ་གཉེར་གཅིག རྩིས་པ་གཅིག གཉེར་པ་གསུམ། རིགས་གཞུང་འགན་འཛིན་གཅིག རྒྱང་བསྒྲགས་འགན་འཁུར་བ་གཅིག པར་པ་གཅིག ཟློས་གར་འགན་འཛིན་གཅིག་བཅས་དགོས་ངེས་ཅན་ཡིན། གོང་གསལ་རྒྱུན་ལས་རྣམས་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས་དེ་མིན་དུས་ཡུན་ལོ་ཚད་གསུམ་ཡིན།
ལེའུ་བཞི་པ། ས་རྒྱུན་རྣམ་པའི་ལས་འགན་དང། ཐོབ་ཐང་། ལས་དོན་བྱེད་ཕྱོགས།
དོན་ཚན་བདུན་པ། ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་རྣམ་པའི་ལས་འགན།
- ༡༽ ཚོགས་གཙོའི་ལས་འགན།
ཚོགས་གཙོ་ནི་ཚང་མའི་སྣེ་ཁྲིད་གནང་མཁན་ཞིག་ཡིན་སྟབས་ཚོགས་ཆེན་དང་། རྒྱུན་ལས་ཚོགས་འདུ་ནམ་དགོས་ལ་ཚོགས་སྐོང་། ས་གནས་བྱེད་སྒོ་ཁག་གི་ཚོགས་འདུའི་གཙོ་སྐྱོང་། འགོ་ཁྲིད་ནང་ཁུལ་མཐུན་བསྒྲིལ། སྤྱི་དོན་ཚགས་ཚུད་འབྱུང་ཐབས་ལ་འབད་རྩོལ། ས་གནས་སྐུ་ཚབ་དོན་གཅོད་དང་འབྲེལ་ཡོད་ཁག་ལ་འཐུས་ཤོར་མེད་པར་འབྲེལ་བ་ཞུ་རྒྱུ། ཆབས་ཅིག་སྔོན་ཚུད་ནས་འཆར་འགོད་འཐུས་ཚང་དགོས་རྒྱུ། ས་གནས་སུད་སི་དང་ལིག་ཏེན་སིཊཡན་དབུས་གཙང་ཆོལ་ཁའི་མཚན་ཐོག་ཡིག་འབྲེལ་གནང་སྐབས་ལས་ཤོག་ཐོག་ཚོགས་གཙོའི་མཚན་རྟགས་མེད་པར་རྩ་འཛིན་མེད། ཚོགས་གཙོ་ཚོགས་གཞོན་གཉིས་ནས་རྒྱུན་ལས་ལྷན་དུ་གོ་བསྡུར་གནང་སྟེ་རྩིས་ཞིབ་པ་གཉིས་བསྐོ་གཞག་བྱ་རྒྱུ། དེ་དང་ཆབས་ཅིག་ཡུ་རོབ་མངའ་ཁུལ་གྱི་བོད་རིགས་འཚོ་བཞུགས་གནང་ཡུལ་རྒྱལ་ཁབ་སོ་སོའི་ནང་ཁུངས་སུ་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་གསར་འཛུགས་སླད་མཐུན་འགྱུར་རོགས་རམ་ཞུ་རྒྱུ། - ༢༽ ཚོགས་གཞོན་གྱི་ལས་འགན།
ཚོགས་གཙོ་མེད་པའི་སྐབས་གོང་གི་ལས་འགན་དེ་དག་ཚོགས་གཞོན་ནས་བཞེས་དགོས། མ་ཟད་རྒྱུན་ལས་རྣམ་པར་ལས་དོན་གལ་གནད་ཆེ་བའི་རིགས་ལ་རོགས་རམ་དང་ལམ་སྟོན་གནང་རྒྱུ། - ༣༽ བོད་འཇར་དྲུང་ཡིག་གི་ལས་འགན།
བོད་འཇར་དྲུང་ཡིག་གི་ལས་འགན་ནི། ས་གནས་རྒྱུན་ལས་ཁག་གི་ཚོགས་འདུའི་ཚིག་ཐོ་འགོད་རྒྱུ་དང། དབུས་ས་དང་ཕྱི་ནང་གི་བྱེེད་སྒོ་ཁག་ལ་ཡིག་འབྲེལ་གྱི་འགན་འཁུར་ཞུ་རྒྱུ། - ༤༽ དངུལ་གཉེར་གྱི་ལས་འགན།
སྤྱི་དངུལ་དངུལ་ཁང་ནང་བཅོལ་འཇོག་སྐབས་ཆོལ་ཁའི་མིང་ཐོག་དེབ་བསྐྱེལ་དང་། འདོན་འཇུག་སྐབས་ཚོགས་གཙོ་དང་དངུལ་གཉེར་ཟུང་འབྲེལ་ཐོག་ཞུ་རྒྱུ། རྒྱུན་གཏན་དངུལ་གཉེར་གྱི་ཕྱག་ཏུ་སུད་སྒོར་ཉིས་སྟོང་ལྷག་ཉར་མི་ཆོག རྒྱུན་དུ་དངུལ་རྩིས་ཁམས་དྭངས་དགོས་རྒྱུ་སྨོས་མེད་ཐོག་དངུལ་གཉེར་གསར་རྙིང་རྩིས་སྤྲོད་ཁམས་དྭངས་ཁ་གསལ་དགོས་རྒྱུ། - ༥༽ རྩིས་པའི་ལས་འགན།
ལོ་འཁོར་གཅིག་གི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁ་གསལ་བཟོས་ཏེ་ཕྱི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་ལོ་འཁོར་རྩིས་ཁྲ་མཇུག་བསྡོམས་ཀྱིས་ཕྱི་ཟླ་དང་པོའི་ནང་རྒྱུན་ལས་རྣམས་ལ་གསལ་བཤད་དང་། ཚོགས་ཆེན་ཐོག་མི་མང་ལ་སྙན་སྒྲོན་དང། དོགས་འདྲི་ཁག་ལ་བཀའ་ལན་ཁ་གསལ་ཞུ་དགོས། - ༦༽ རྩིས་ཞིབ་པའི་ལས་འགན།
དངུལ་གཉེར་དང་། རྩིས་པས་རྩིས་ཁྲ་ཁམས་དྭངས་བཟོས་ཡོད་མེད་རྟོགས་ཞིབ་དང་འབྲེལ་ལོ་འཁོར་རྩིས་ཁྲར་ཞིབ་བཤེར་གྱིས་བྱུང་སོང་བསྡད་གསུམ་ཇི་ཡོད་ཆོལ་ཁོངས་མི་མང་རྣམས་བློ་དོགས་སེལ་ཆེད་རྩིས་ཞིབ་སྙན་ཐོ་འབུལ་དགོས། - ༧༽ གཉེར་པའི་ལས་འགན།
དབུས་གཙང་ཆོལ་ཁའི་ཅ་དངོས་ཇི་ཡོད་དེ་དག་དངོས་ཐོ་བཟོས་ཏེ་གཉེར་པ་རྣམ་པས་བདག་ཉར་ཐོག་གཞན་ལ་གཡར་དགོས་བྱུང་ཚེ་ཚོགས་གཙོའི་བཀའ་ཁྲོལ་ཞུ་དགོས་པ་མ་ཟད། རྩིས་ལེན་དམ་དོན་ཞུ་དགོས། - ༨༽ རིག་གཞུང་དོ་དམ་པའི་ལས་འགན།
མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ཐབས་ལ་འབད་རྩོལ་ཞུ་དགོས། - ༩༽ ཟློས་གར་འགན་འཛིན་གྱི་ལས་འགན།
འཁྲབ་སྟོན་འགན་འཁུར་དང་། གཞས་དགེའི་ལས་འགན་གཙང་བཞེས་གནང་རྒྱུ། དབུས་གཙང་ཆོལ་ཁའི་ཚོགས་པ་སྐྱིད་སྡུག་ཁག་ལ་འབྲེལ་བ་གནང་ནས་གཞས་དང་ཞབས་བྲོ་སོགས་གོ་སྒྲིག་གནང་སྟེ་སྐུའི་འཁྲུངས་སྐར་དང་། གཞུང་འབྲེལ་གྱི་དུས་སྟོན་། ས་གནས་དབུས་གཙང་ཆོལ་ཁའི་དུས་ཆེན་སྐབས་འཁྲབ་སྟོན་ལེགས་པོ་ཡོང་ཐབས་ལ་འབད་རྩོལ་ཞུ་དགོས། - ༡༠༽ རྒྱང་བསྒྲགས་དང་། པར་པའི་ལས་འགན།
ས་གནས་དབུས་གཙང་གི་ལས་འགུལ་རིགས་ལ་པར་ལེན་དང་རྒྱང་བསྒྲགས་གོ་སྒྲིག་ཞུ་དགོས།
དོན་ཚན་བརྒྱད་པ། ཚོགས་གཙོའི་ཐོབ་ཐང་།
- ཀ༽ སྤྱི་དོན་ཆེད་ཕྱོགས་བསྐྱོད་ལམ་གྲོན་དང་། སྣག་ཤོག་སྦྲག་གླ་སྤྱི་དངུལ་ནས་གཏོང་རྒྱུ་སྨོས་མེད་ཐོག་གློག་རིན་དང་། ནང་ཁུལ་ཁ་པར་བཏང་གླ་བཅས་ལོ་འཁོར་གཅིག་ནང་སུད་སྒོར་ ༥༠ དང་། རྒྱུན་ལས་ཚོགས་འདུ་མ་ཡིན་པའི་གཞུང་འབྲེལ་ཕྱོགས་བསྐྱོད་ལ་ལམ་གྲོན་ཕྱེད་བཅག་ཐོབ་ཐང་ཡོད། དེ་དོན་རྩིས་པ་དང་དངུལ་གཉེར་ནས་འབུལ་དགོས།
- ཁ༽ ཚོགས་གཙོ་ཚོགས་གཞོན་མཐུན་མོང་ནས་སྤྱི་དོན་ཆེད་ལོ་འཁོར་གཅིག་ནང་སུད་སྒོར་ ༥༠༠ ཐག་གཅོད་གནང་རྒྱུའི་ཐོབ་ཐང་ཡོད།
དོན་ཚན་དགུ་པ། རྒྱུན་ལས་རྣམ་པའི་ཐོབ་ཐང་།
- ཀ༽ རྒྱུན་ལས་རྣམས་ཚོགས་འདུར་ཕེབས་སྐབས་ཀྱི་ལམ་གྲོན་ཆེད་ལོ་འཁོར་གཅིག་ནང་མི་རེར་སུད་སྒོར་ ༥༠ རེ་སྤྱི་དངུལ་ནས་འབུལ་རྒྱུ།
- ཁ༽ སྤྱི་དོན་ཛ་དྲག་གི་ལས་དོན་ཆེད་རྒྱུན་ལས་ཚང་འཛོམས་ཐོག་ལོ་འཁོར་གཅིག་ནང་མང་མཐར་སུད་སྒོར་༡༥༠༠ ཐག་གཅོད་གནང་རྒྱུའི་ཐོབ་ཐང་ཡོད།
ལེའུ་ལྔ་པ། ས་གནས་ཆོལ་ཁོངས་མི་མང་གི་ཐོབ་ཐང་དང། ལས་འགན།
དོན་ཚན་བཅུ་པ། ཆོལ་ཁོངས་མི་མང་རྣམས་ཀྱི་ཐོབ་ཐང་།
- ཀ༽ ཆོལ་ཁོངས་རང་རིགས་སེར་སྐྱ་ཕོ་མོ་རང་ལོ་བཅོ་བརྒྱད་ལོན་པ་ཚང་མར་འོས་བསྡུའི་ཐོབ་ཐང་ཡོད།
- ཁ༽ ཚོགས་གཙོ་དང་རྒྱུན་ལས་རྣམས་ནས་སྒྲིག་འགལ་དང་ལས་དོན་ནར་འགྱངས། ལོ་རེའི་བྱེད་སྒོ་ཁག་དང་། ཚོགས་འདུ་སོགས་ལ་བརྒྱ་ཆ་ལྔ་བཅུ་ཟིན་པ་ཚོགས་བཅར་བྱེད་མ་འཐུབ་པ་སོགས་འཐུས་ཤོར་བཏང་ཚེ། ཚོགས་ཞུགས་མི་མང་གསུམ་ཆ་གཉིས་ཀྱིས་མང་མོས་བྱུང་ཚེ་འཕོ་འགྱུར་གཏོང་ཆོག
- ག༽ གདུང་སེམས་མཉམ་སྐྱེད་དང་བསྔོ་སྨོན་མཆོད་འབུལ། སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་སྒྲིག་གཞི་དོན་ཚན་བཅུ་གཅིག་པའི་ནང་གསེས་ག་པ་ནང་གསལ། ཆོལ་ཁའི་ལས་དོན་ཆེད་སྲི་ཞུའི་ཞལ་འདེབས་འབུལ་བའི་སྐྱེ་བོ་ཞིག་འདས་གྲོངས་སུ་སོང་ན། འདས་པོའི་ནང་མིར་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་བསྔོ་སྨོན་ཆེད་སུད་སྒོར་ ༣༠ རེ་འབུལ་རྒྱུ།
དོན་ཚན་བཅུ་གཅིག་པ། ཆོལ་ཁོངས་མི་མང་གི་ལས་འགན།
- ཀ༽ རང་གི་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་ཀྱིས་དང་བླངས་དཔྱ་དངུལ་དུས་ཐོག་འབུལ་རྒྱུ།
- ཁ༽ བོད་དོན་བདེན་མཐའ་གསལ་ཐབས་ལ་མུ་མཐུད་འབད་བརྩོན་དང་། ཆབས་ཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྟན་པར་དག་ཐེར་གྱི་དགོངས་བཞེད་རླབས་པོ་ཆེའི་དགོངས་དོན་སྙིང་ལ་བཅང་སྟེ་དོལ་རྒྱལ་བསྟེན་གསོལ་ནམ་ཡང་མི་བྱེད་མཁན་ཞིག་ཡིན་དགོས།
- ག༽ དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ལས་དོན་ཚགས་ཚུད་ཡོང་སླད་ཆོལ་ཁོངས་མི་མང་ཚང་མས་འགན་འཁུར་མཉམ་ལེན་དང་། ཆབས་ཅིག་རང་ལོ་བཅོ་བརྒྱད་སོན་པ་ཡན་ནས་སྲི་ཞུའི་ཞལ་འདེབས་ལོ་རེར་མི་རེ་ནས་སུད་སྒོར་ ༢༥ རེ་འབུལ་རྒྱུ།
- ང༽ སྒྲིག་གཞི་འདི་བཞིན་སུད་སི་ཁྲིམས་ཡིག་དོན་ཚན་(60 ZGB) དགོངས་དོན་གཞིར་བཟུང་བཀོད་སྒྲིག་ཞུས་པ་ཡིན་པས་ཡུལ་མིར་མཐུན་ལམ་དང་ཡུལ་ཁྲིམས་ལ་སྲུང་བརྩི་དགོས་རྒྱུ།
ལེའུ་དྲུག་པ། ཚོགས་པའི་དཔལ་འབྱོར་འདུ་འགོད།
དོན་ཚན་བཅུ་གཉིས་པ། ཆོལ་ཁའི་དཔལ་འབྱོར་གྱི་ཡོང་ཁུངས།
དུས་ཆེན་སྐབས་བཏུང་བྱ་དང་། ཞལ་ལག་བཙོངས་པའི་ཁེ་འབབ་དང་། ཚོགས་མིའི་སྲི་ཞུའི་མ་དངུལ་བཅས་ཡིན། ཡོངས་བབ་མ་དངུལ་ནས་སུད་སྒོར་ ༥༠༠ ལས་མི་ཉུང་བ་ལོ་ལྟར་སྲི་ཞུའི་ཞལ་འདེབས་ཆེད་དབུས་སྤྱི་འཁྱབ་རྒྱུན་ལས་སུ་འབུལ་དགོས།
ལེའུ་བདུན་པ། ལོ་རེའི་བྱེད་སྒོ་རྣམ་གཞག
དོན་ཚན་བཅུ་གསུམ་པ། ཚོགས་པའི་བྱེད་སྒོ་རྣམ་གཞག
- ༡༽ ཕྱི་ཟླ་དང་པོའི་ནང་ཚོགས་གཙོ་ཚོགས་གཞོན་གཉིས་ནས་ལོ་འདིའི་བྱེད་སྒོ་རྣམ་གཞག་རྣམས་ཟླ་དུས་ཚེས་གྲངས་ཁ་གསལ་བཟོས་ཏེ་ས་རྒྱུན་རྣམས་ལ་གསལ་བསྒྲགས་སྔ་ས་ནས་ཞུ་དགོས།
- ༢༽ ཕྱི་ཟླ་གཉིས་པ་དང་གསུམ་པ་གང་རུང་ནང་ས་གནས་ཀྱི་ཆོལ་ཁ་གཞན་གཉིས་དང་ལྷན་དུ་དགོས་གལ་ནམ་གཟིགས་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་སྙན་ཞུ་འབུལ་རྒྱུ་མཚོན་ཆོལ་ཁ་གསུམ་མཉམ་རུབ་ཀྱི་ལས་འགུལ་འཐུས་ཤོར་མེད་པར་བསྒྲུབ་རྒྱུ།
- ༣༽ ཕྱི་ཟླ་གསུམ་པ་དང་བཞི་པ་གང་རུང་ནང་ལོ་སྔོན་མའི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁམས་གཙང་བཟོས་ཏེ་རང་ཁོངས་མི་མང་ལ་གསལ་བཤད་ཞུ་རྒྱུ།
- ༤༽ ཕྱི་ཟླ་དྲུག་པའི་ནང་ས་ག་ཟླ་བ་དང་སྟབས་བསྟུན་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཞབས་རིམས་སྨིན་སྒྲུབ་ཞུ་རྒྱུ་དང་། བོད་བསྟན་སྲིད་མི་རིགས་ཆེད་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་རྣམས་ཀྱི་ཆེད་ས་གནས་དང་། རྒྱ་བལ་གང་རུང་ནང་ཞབས་རིམ་དང་མཆོད་འབུལ་སྨིན་སྒྲུབ་ཞུ་རྒྱུ།
- ༥༽ ཕྱི་ཟླ་བཅུ་པའི་བདུན་དང་པོའམ་གཉིས་པའི་གཟའ་མཇུག་གང་རུང་ནང་ས་གནས་དབུས་གཙང་ཆོལ་ཁའི་མི་མང་ལྷན་འཛོམས་ཀྱི་ཉི་མོ་གོ་སྒྲིག་ཞུ་རྒྱུ།
- ༦༽ ས་རྒྱུན་རྣམ་པས་དགོས་གལ་ནམ་གཟིགས་ལ་མི་མང་ཚོགས་ཆེན་དང་། བཞུགས་མོལ་ཚོགས་འདུ། ལྷག་པར་ས་གནས་ཀྱི་མཐུན་རྐྱེན་དཔལ་འབྱོར་འདུ་འགོད་ཆེད་ཟས་རིགས་སྤུས་ཚོང་གནང་རྒྱུ་སོགས་ལ་རྒྱུན་ལས་ནས་མང་མོས་ཡོད་ཚེ་དེ་ལྟར་ཞུ་རྒྱུ།
ལེའུ་བརྒྱད་པ། འོས་བསྡུ་ཚོགས་ཆུང་དང་། འོས་འདེམས།
དོན་ཚན་བཅུ་བཞི་པ། ས་གནས་རྒྱུན་ལས་ཀྱི་འོས་བསྡུ་ཚོགས་ཆུང་།
ཚོགས་མི་གསུམ་ལས་མི་ཉུང་བར་གྲུབ་པའི་འོས་བསྡུའི་ཚོགས་ཆུང་ཞིག་བསྐོ་གཞག་ཐོག་རྒྱུན་ལས་གཉིས་ནས་ལམ་སྟོན་དང་འགན་འཁུར་གནང་དགོས། འོན་ཀྱང་རྒྱུན་ལས་གང་ཟག་དེ་གཉིས་སྐབས་རྗེས་མའི་འོས་འདེམས་ནང་འཛུལ་ཞུགས་བྱེད་མི་ཆོག
དོན་ཚན་བཅོ་ལྔ་པ། འོས་བསྡུ་ཚོགས་ཆུང་འོས་འདེམས།
ས་གནས་མི་མང་ནས་འོས་གཞི་བཏོན་པའི་ཐོག་སྐབས་མཚམས་ཀྱི་རྒྱུན་ལས་རྣམས་དང་། སློབ་སྟོན་པ། རང་ཁོངས་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་དྲུང་ཆེ་བཅས་ནས་བསམ་གྲོས་ཞིབ་བསྡུར་གྱིས་ཚོགས་མི་གསུམ་བསྐོ་གཞག་ཞུ་རྒྱུ།
ལེའུ་དགུ་པ། སྒྲིག་གཞིའི་རྩ་འཛིན།
དོན་ཚན་བཅུ་དྲུག་པ། སྐད་ཡིག་ཚད་འཛིན།
སྒྲིག་གཞི་འདི་བཞིན་བོད་འཇར་སྐད་ཡིག་ཐོག་ཡོད། གོ་དོན་གསལ་མིན་བྱུང་ཚེ་བོད་ཡིག་ལ་རྩ་འཛིན་ཞུ་རྒྱུ།
ལེའུ་བཅུ་པ། སྒྲིག་གཞི་བསྐྱར་བཅོས།
དོན་ཚན་བཅུ་བདུན་པ། སྒྲིག་གཞི་བསྐྱར་བཅོས།
སྒྲིག་གཞི་འདིར་བསྐྱར་བཅོས་བྱ་དགོས་ངེས་བྱུང་ཚེ་ཚོགས་ཞུགས་མི་མང་གསུམ་ཆ་གཉིས་ནས་མོས་མཐུན་བྱུང་ན་བསྐྱར་བཅོས་ཆོག་པ་ཡིན། རྒྱུན་ལས་དང་ཚོགས་མི་ཉུང་ཤས་ནས་བསྐྱར་བཅོས་མི་ཆོག འོན་ཀྱང་མི་མང་ལ་ཡིག་ཐོག་ནས་ཉུང་མཐར་ཟླ་གསུམ་སྔོན་ཚུད་ནས་ཡོངས་གྲགས་གསལ་བསྒྲགས་ཞུ་དགོས་པ་ཡིན།
ལེའུ་བཅུ་གཅིག་པ། མ་འོངས་དགོས་དབང་།
དོན་ཚན་བཅོ་བརྒྱད་པ།
སུད་སི་དང་ལིག་ཏེན་སིཊཡན་དབུས་གཙང་ཆོལ་ཁ་འདི་བཞིན་མ་འོངས་པར་མི་དགོས་པ་ཤར་ཚེ་སྤྱི་དངུལ་དང་ཅ་དངོས་རྣམས་ཆོལ་ཁའི་དམིགས་ཡུལ་གཞིར་བཞག་མཁོ་སྤྲོད་གནང་རྒྱུ་ལས་ནང་ཁུལ་བགོས་འགྲེམ་མི་ཆོག
༄༅། །སུད་སི་དང་ལིག་ཏེན་སིཊཡན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་འོས་བསྡུ་ཚོགས་ཆུང་གི་འགན་དབང་དང་སྒྲིག་གཞི།
ལེའུ་དང་པོ། སྒྲིག་གཞི།
དོན་ཚན་དང་པོ། སྒྲིག་གཞིའི་མིང་།
སུད་སི་དང་ལིག་ཏེན་སིཊཡན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་འོས་བསྡུའི་སྒྲིག་གཞི་ཞེས་འབོད་རྒྱུ།
དོན་ཚན་གཉིས་པ། སྒྲིག་གཞིའི་བྱུང་བ།
སུད་སི་དང་ལིག་ཏེན་སིཊཡན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ནང་ཡོད་པའི་ཚོགས་པའི་འགྲོ་ལུགས་དང་། འོས་བསྡུ་བྱེད་ཕྱོགས་ཀྱི་སྒྲིག་གཞི། མཐུན་ཕྱོགས་སུ་འགྲོ་བའི་སྒོ་ནས་ཆོལ་ཁའི་འོས་བསྡུ་དང་འབྲེལ་བའི་ལས་རིམ་ཚགས་ཚུད་ཡོང་བར་ཚོགས་མི་རྣམས་ཀྱིས་སྤྱི་མོས་བྱུང་བ་བཞིན་ཕྱི་ལོ་ ༢༠༡༩ ཟླ་བ་ ༤ ཚེས་ ༢༧ ཉིན་གཏན་འབེབ་གནང་།
དོན་ཚན་གསུམ་པ། སྒྲིག་གཞི་གཏན་འབེབ་གནང་ཕྱོགས།
སྒྲིག་གཞིར་བསྐྱར་བཅོས་གཏོང་དགོས་ཚེ་ཆོལ་ཁུངས་མི་མང་ཚོགས་འདུའི་ཐོག་མང་མོས་སམ་སྤྱི་མོས་བྱུང་ན་བསྐྱར་བཅོས་ཆོག་རྒྱུ།
དོན་ཚན་བཞི་པ། སྒྲིག་གཞིའི་ཁྱབ་ཚད།
སུད་སི་དང་ལིག་ཏེན་སིཊཡན་དབུས་གཙང་དམ་པ་ཆོ་ཁའི་འོས་བསྡུ་བྱ་སྐབས་ཚོགས་མི་ཡོངས་ལ་ཁྱབ་པ་ཡིན།
ལེའུ་གཉིས་པ། འོས་བསྡུ་ཚོགས་མིའི་འོས་འདེམས་དང་། ཡུན་ཚད། འགན་དབང་།
དོན་ཚན་དང་པོ།
ས་གནས་ཀྱི་སྒྲིག་གཞི་དོན་ཚན་བཅུ་བཞི་པའི་དགོངས་དོན་ལྟར་ལག་བསྟར་བྱེད་རྒྱུ།
དོན་ཚན་གཉིས་པ།
འོས་འདེམས་བྱུང་བའི་ཚོགས་མི་ནས་འོས་བསྡུའི་འགན་འཛིན་འོས་འདེམས་གནང་རྒྱུ།
དོན་ཚན་གསུམ་པ།
གོང་གི་འོས་འདེམས་བྱུང་བའི་རྒྱུན་ལས་རྣམས་ཀྱི་ཡུན་ཚད་འོས་བསྡུའི་སྐབས་ཟླ་བ་དྲུག་ཡིན།
དོན་ཚན་བཞི་པ།
འོས་ཐོན་བྱུང་བའི་འོས་བསྡུའི་འགན་འཛིན་དབུས་ཚོགས་མི་ཐུན་མོང་ནས་ས་གནས་དབུས་གཙང་ཆོལ་ཁའི་རྒྱུན་ལས་འོས་བསྡུ་ནམ་ཡིན་ལ་འགོ་མཇུག་ཚང་བའི་འོས་བསྡུ་གོ་སྒྲིག་ཞུ་རྒྱུའི་འགན་དབང་ཡོད།
དོན་ཚན་ལྔ་པ།
ས་གནས་དབུས་གཙང་ཆོལ་ཁའི་མི་མང་ལ་ཉུང་མཐར་ཟླ་བ་གསུམ་སྔོོན་ཚུད་ནས་འོས་བསྡུ་གསལ་བསྒྲགས་ཞུ་རྒྱུ།
སུད་སི་དང་ལིག་ཏེན་སིཊཡན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་འོས་བསྡུའི་སྒྲིག་གཞི་འདི་བཞིན་བོད་རྒྱལ་ལོ་ ༢༡༤༦ དང་ཕྱི་ལོ་ ༢༠༡༩ ཟླ་བ་ ༣ ཚེས་ ༡༠ ཉིན་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་ནས་ཡིག་ཐོག་ཏུ་བཀོད་ནས་ཚོགས་མིའི་སྤྱི་མོས་ཀྱིས་ ༢༠༡༩ ཟླ་བ་ ༤ ཚེས་ ༢༧ ཉིན་གཏན་འབེབས་བྱུང་བ་བཞིན་ལག་བསྟར་ཆོག་པ་ཡིན།།