༄༅། །སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་འབྱུང་རིམ།

ཕྱི་ལོ་ ༡༩༥༩ ནང་རྒྱ་དམག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༧གོང་ས ༧ སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མི་ཆིག་འབུམ་ལྷག་རྒྱ་གར་དང་འབྲུག བལ་ཡུལ་སོགས་སུ་བཙན་བྱོལ་དུ་གྱར་དགོས་བྱུང་། དུས་ཡུན་ལོ་གྲངས་ཁ་ཤས་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་དབུ་འཁྲིད་རྣམ་པས་སུད་སི་དབུས་གཞུང་དང་། སུད་སི་རྒྱ་གྲམ་དམར་པོའི་ཚོགས་པ་སོ་སོར་རྒྱ་བལ་འབྲུག་གསུམ་ནང་ཁ་འཐོར་དུ་གནས་པའི་བོད་མི་ཁག་ཅིག་སུད་སིར་གཞིས་ཆགས་སུ་ངོས་བཞེས་ཡོང་བའི་འབོད་བསྐུལ་རིམ་འབྲས་ཀྱིས། ཕྱི་ལོ་ ༡༩༦༡ ནས་ ༡༩༦༣ བར་སུད་སི་དབུས་གཞུང་གིས་བོད་མི་ཉམ་ཐག་ལེན་འཐུས་བཀའ་འཁྲོལ་ཐོབ་པ་ལྟར། བོད་ཆོལ་ཁ་གསུམ་གྱི་བོད་མི་ཆིག་སྟོང་ ༡༠༠༠ ཞིག་སུད་སིར་གཞིས་ཁོངས་སུ་འབྱོར། དེ་ནས་ལོ་ངོ་བཅུ་ཕྲག་གཉིས་རྗེས་ཕྱི་ལོ་ ༡༩༨༥ ཟླ་བ་ ༩ པའི་ཚེས་ ༡༩ ཉིན་ཀ་སྨད་བློ་བཟང་བསམ་གཏན་ལགས་ཀྱིས་གཙོས་པའི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་མི་སྣ་ཤེས་འཇོན། རྣམ་དཔྱོད་ཡངས་པ་ཁག་ཅིག་དང་། མི་མང་བཅས་འདུ་འཛོམས་ཀྱིས་གོ་བསྡུར་རིམ་མཐར་གནང་འབྲས་ས་གནས་དབུས་གཙང་ཆོལ་ཁ་གང་མགྱོགས་འཛུགས་དགོས་པའི་མོས་མཐུན་བྱུང་བ་གཞིར་བཟུང་ཀ་སྨད་བློ་བཟང་བསམ་གཏན་ལགས་དང་། བདེ་ཁང་བསོད་ནམས་བསྟན་འཛིན་ལགས། ཚ་བ་བསོད་ནམས་ལགས། ཛོ་ར་ཆོལ་འཕེལ་ལགས་བཅས་གྲ་སྒྲིག་ཚོགས་ཆུང་དུ་འདེམས་སྒྲུག་བྱུང་། ཁོང་རྣམ་པ་བཞིས་ཐུགས་འཁུར་རྐང་བཞེས་ཀྱིས་སུད་སིར་འབྱོར་བའི་དབུས་གཙང་བ་ཇི་ཡོད་མཚན་ཐོ་བསྡུ་རུབ་དང་། ཚོགས་ཆུང་གི་སྒྲིག་གཞི་གཏན་འབེབས། དབུས་གཙང་མི་མང་དང་འབྲེལ་གཏུགས་ཞུ་རྒྱུ་སོགས་ལས་འཁུར་འཐུས་གཙང་གནང་མཐར་ཕྱི་ལོ་ ༡༩༨༦ ཟླ་བ་ ༩ པའི་ཚེས་ ༢༧ ཉིན་སུད་སི་དབུས་གཙང་མི་མང་ལྷན་འཛོམས་གནང་། ལྷན་ཚོགས་ཀྱི་ཉིན་མོར་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཞི་པོ་སྐབས་དང་པོའི་དབུས་གཙང་རྒྱུན་ལས་སུ་མང་མོས་བསྐོ་བཞག་བྱུང་། ལོ་དེའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༣ ཉིན་ཏེ། ལྷ་བབས་དུས་ཆེན་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ཏེ་རི་ཀོན་ཆོས་འཁོར་དགོན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་བཞི་པོས་ལས་འཁུར་དམ་འབུལ་ཞུས་མཚམས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་ཁྱབ་ལས་ཁང་ནས་ཕེབས་པའི་གསུང་འཕྲིན་སྒྲོག་སྦྱང་གནང་སྟེ་སུད་སི་ས་གནས་དབུས་གཙང་ཆོལ་ཁ་དབུ་བརྙེས། དེ་ནས་རིམ་བཞིན་ཚོགས་པའི་ལས་དོན་རྒྱ་སྐྱེད་དང་། ཆོལ་ཁོངས་འཛུལ་མི་ཇེ་མང། ཚོགས་པའི་སྒྲིག་གཞི་བསྐྱར་བཅོས་སོགས་གནང་ནས་ད་བར་ལོ་ངོ་སུམ་ཅུ་སོ་ལྔ་འཁོར་ལ་ཉེ།

ཚོགས་པའི་མཚན་བྱང་འཕེལ་རིམ་སྐོར་མདོར་ཙམ་ཞུ་ན། ཚོགས་པ་དབུ་བརྙེས་པ་ནས་རྒྱུན་ལས་སྐབས་བརྒྱད་པ་བར་ས་གནས་དབུས་གཙང་ཆོལ་ཁ་ཞེས་འབོད་སྲོལ་ཡོད་ནའང་། རིམ་བཞིན་ཡོ་རོབ་རྒྱལ་ཁབ་ཁག་ནང་དུ་ཆོལ་ཁོངས་བོད་མི་ཇེ་མང་འབྱོར་བའི་རྐྱེན་གྱིས་ཚོགས་པའི་ལས་དོན་ཡོ་རོབ་རྒྱལ་ཁབ་གཞན་ནང་དུའང་སྤེལ་རྒྱུའི་གོ་སྐབས་བྱུང་ཞིང་། ཚོགས་པའི་མཚན་བྱང་ལའང་ཡོ་རོབ་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་མཚན་བསྒྱུར་གནང་འདུག ཕྱིས་སུ་ཡོ་རོབ་རྒྱལ་ཁབ་གཞན་སྦེལ་འཇམ་དང་ཕ་རན་སི་གཉིས་ནང་སོ་སོར་རང་དབང་ཅན་གྱི་ས་གནས་དབུས་གཙང་ཚོགས་པ་དབུ་ཚུགས་པ་དང་། དབུས་སྤྱི་ཁྱབ་ལས་ཁང་གི་ལམ་སྟོན། དེ་བཞིན་ཚོགས་མི་ཡོང་འཁུང་བཅས་ལ་ཞིག་སྟེ་ཕྱི་ལོ་ ༢༠༡༩ ཟླ་བ་ ༤ ཚེས་ ༢༧ ཉིན་ས་གནས་རི་ཀོན་སྤྱི་ཁང་དུ་ཆོལ་ཁོངས་མི་མང་ལྷན་ཚོགས་སྐབས་སུད་སི་ས་གནས་དབུས་གཙང་ཆོལ་ཁའི་སྒྲིག་གཞི་བསྐྱར་བཅོས། འོས་བསྡུའི་སྒྲིག་གཞི་གསར་སྣོན། ཚོགས་པའི་མཚན་བྱང་སོགས་སྐོར་དགོངས་ཚུལ་ཞིབ་བསྡུར་གྱིས་མཐར་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁ་ཞེས་མཚན་བསྒྱུར་ལ་མང་མོས་ཐག་གཅོད་བྱུང་ཡོད་པ་བཅས་ཀྱི་ལོ་རྒྱུས་རགས་བསྡུས་སུ།